返回首页

藏历27星宿

来源:xingxiu-new.docx

藏历二十七星宿

娄宿:藏历二十七宿之一,运算中代替数字为“0”,其异名有:光明女,乘马女,楗槌等。属于“北方七宿”。

胃宿:藏历二十七宿之一,运算中代替数字为“1”,其异名有:阎罗母,媚妇等。属于“北方七宿”。

昴宿:藏历二十七宿之一,运算中代替数字为“2”,其异名有:多生,迦底迦,六母子(七姊妹星团)等。属于“东方七宿”。

毕宿:藏历二十七宿之一,运算中代替数字为“3”,其异名有:犊牧,缓行天女,众生主等。属于“东方七宿”。

觜宿:藏历二十七宿之一,运算中代替数字为“4”,其异名有觜觿,头生,鹿首,月生等。属于“东方七宿”。

参宿:藏历二十七宿之一,运算中代替数字为“5”,其异名有:妇,威猛女,狰狞女,将军敌等。属于“东方七宿”。

井宿:甘八宿之一,运算中代替数字为“6”,其异名有,施财天女,鬼宿前等。属于“东方七宿”。

鬼宿:藏历二十七宿之一,运算中代替数字为“7”,其异名有:上师天,富女,成就,能满愿等。属于“东方七宿”。

柳宿:藏历二十七宿之一,运算中代替数字为“8”,其异名有:龙女,狐等。属于“东方七宿”。

星宿:藏历二十七宿之一,运算中代替数字为“9”,其异名有。祖神生,诗人,大马等。属于“南方七宿”。

张宿:藏历二十七宿之一,运算中代替数字为“10”,其异名有:小马、活、生、等。属于“南方七宿”。

翼宿。藏历二十七宿之一,运算中代替数字为“11”,其异名有:祖,日神,鹞等。属于“南方七宿”。

轸宿:藏历二十七宿之一,运算中代替数字为“12”,其异名有:吠陀等。属于“南方七宿”。

角宿。藏历二十七宿之一,运算中代替数字为“13”,其异名有:雏、鸦、首月等。属于“南方七宿”。

亢宿:藏历二十七宿之一,运算中代替数字为“14”,其异名有:卵,风天女,风自在,吉祥等。属于“南方七宿”。

氏宿:藏历二十七宿之一,运算中代替数字为“15”,其异名有:卵壳,毘沙迦,具梵天等。属于“南方七宿”。

房宿:藏历二十七宿之一,运算中代替数字为“16”,其异名有:手指,阿振罗达,亲和天等。属于“西方七宿”。

心宿:藏历二十七宿之一,运算中代替数字为“17”,其异名有:棋子,镯,具天女等。属于“西方七宿”。

尾宿:藏历二十七宿之一,运算中代替数字为“18”,又名曲肘,楔等。属于“西方七宿”。

箕宿:藏历二十七宿之一,运算中代替数字为“19”,其异名有:斗,胛骨,天汉等。属于“西方七宿”。

斗宿:藏历二十七宿之一,运算中代替数字为“20”,其异名有鸡冠,供献,具众天等。属于“西方七宿”。

牛宿:藏历二十七宿之一,运算中代替数字为“21”,异其名有鸡胸,能夺,笨波等。属于“西方七宿”(藏历中牛宿与女宿共占一个星位)。

虚宿:藏历二十七宿之一,运算中代替数字为“22”,其异名有:鸡尾,善见,得成女,绊上等。属于“北方七宿”。

危宿:藏历二十七宿之一,运算中代替数字为“23”,其异名有:水天女,绊下,胜闻,虚宿后等。属于“北方七宿”。

室宿:藏历二十七宿之一,运算中代替数字为“24”,其异名有:雕上,乌喙,山羊天女,处火等。属于“北方七宿”。

壁宿:藏历二十七宿之一,运算中代替数字为“25”,其异名有:雕下,小桶,箍等。属于“北方七宿”。

奎宿:藏历二十七宿之一,运算中代替数字为“26”,其异名有:疗养天母,宏识等。属于“北方七宿”。

རྒྱུ་སྐར་ཉེར་བདུན།

ཐ་སྐར། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༠ ཡིན། ལེགས་སྦྱར་སྐད་དུ་ཨ་ཤཱི་ནཱི་ཞེས་རྒྱུ་སྐར་ཉེར་བདུན་ནམ་ཉེར་བརྒྱད་ཀྱི་ཡ་གྱལ་ཐིག་ཐ་སྐར་ལ་ཟེར་ཞིང་། དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་རླུང་ཁམས་དང་གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ཆུ་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་གསུམ་མཉམ་དུ་འདུས་པ་དབྱིབས་རྟའི་མགྲིན་པ་དང་འདྲ་བར་གསུངས་ཏེ། བཻ་དཀར་ལས། དབྱུ་གུ་སྐར་གསུམ་རྟ་མགོའི་མགུལ། ། ཞེས་དང་། ལེགས་བཤད་བསྟན་པའི་རྒྱ་མཚོ་ལས། ཐ་སྐར་ནི། རྒྱུད་དྲང་སྲོང་རྟ་ལེན་གྱི། གྲངས་སྐར་མ་གསུམ། དབྱིབས་རྟའི་མགྲིན་པ་ལྟ་བུ། ཞེས་གསུངས། གཞན་ཐ་སྐར་རྟའི་མགོའམ་རྟ་དང་འདྲ་བ་ཡོད་ཚུལ་ཡང་གསལ་ཏེ། བསྟན་སྲུང་དམ་ཅན་རྒྱ་མཚོའི་མིང་གི་གྲངས་ལས། ཐ་སྐར་སྐར་གསུམ་རྟ་མགོའི་དབྱིབས། །ཞེས་དང་། འགྲེལ་པ་འདོད་འཇོར། ཨ་ཤྭི་ནཱི་ཞེས་པ་ནི་ཐ་སྐར་ཏེ། འདི་རྟའི་གཟུཌ་དང་ལྡན་པས་རྟ་ལྡན་མའམ་རྒོད་མ་ཅན་ནོ། །ཞེས་གསུངས་པས་སོ། །གཞན་དུ་སྐར་མའི་གྲངས་གཉིས་ཡོད་པར་ཡང་གསུངས་ཏེ། སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས། རྒྱུ་སྐར་ཐ་སྐར་ནི་སྐར་མ་གཉིས་ཏེ། དབྱིབས་ནི་རྟ་འགྲོ་བ་ལྟ་བུའོ། །ཞེས་གསུངས། བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། དབྱུ་གུ་དབྱུག་པ་ཆུས་ཁྱེར་འདྲ། །སྤྲང་པོ་རྣམས་ཀྱི་བླ་སྐར་གྲགས། །ཞེས་གསུངས་སོ། །

བྲ་ཉེ། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༡ ཡིན། ལེགས་སྦྱར་སྐད་དུ་བྷརཎཱི་ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་གཅིག་བྲ་ཉེ་ལ་ཟེར་ཞིང་།དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་མེ་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ས་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་གསུམ་མཉམ་དུ་འདུས་པ་དབྱིབས་མོ་མཚན་དང་འདྲ་བར་གསུངས་ཏེ།སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས། རྒྱུ་སྐར་བྲ་ཉེ་ནི་སྐར་མ་གསུམ་སྟེ། དབྱིབས་ནི་མོ་མཚན་ལྟ་བུའོ། ། ཞེས་དང་། བཻ་དཀར་ལས། བྲ་ཉེ་སྐར་གསུམ་མོ་མཚན་དབྱིབས། །ཞེས་གསུངས་པས་སོ། །བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། བྲ་ཉེ་སྔགས་པའི་ཧོམ་ཁུང་འདྲ། །སྔགས་པ་རྣམས་ཀྱི་བླ་སྐར་གྲགས། །ཞེས་དང་། ཡང་ན། བྲ་ཉེ་བོན་པོའི་གཏོར་མ་འདྲ། །གཏོར་རྩེ་བྱང་ལ་གཏད་པ་འདྲ། །ཞེས་ཀྱང་ཟེར་རོ། །

སྨིན་དྲུག སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༢ ཡིན། ལེགས་སྦྱར་སྐད་དུ་ཀྲྀཏྟི་ཀཱ་ཞེས་སམ་ཀཱརྟི་ཀ་ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་གཉིས་པ་སྨིན་དྲུག་ལ་ཟེར་ཞིང་།དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་མེ་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ཤིང་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་དྲུག་མཉམ་དུ་འདུས་པ་དབྱིབས་སྤུ་གྲི་འདྲ་བ་ཡོད་དེ། སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས། སྨིན་དྲུག་ནི་སྐར་མ་དྲུག་སྟེ། དབྱིབས་ནི་སྤུ་གྲི་ལྟ་བུ། ཞེས་དང་། བེ་དཀར་ལས། སྨིན་དྲུག་སྐར་དྲུག་སྤུ་གྲིའི་དབྱིབས། །ཞེས་གསུངས། ཡང་བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། སྨིན་དྲུག་དགོ་རུམ་འདྲོག་པ་འདྲ། །ཞེས་དང་། ཡང་སྨིན་དྲུག་མཛངས་མ་སྤུན་དྲུག་འདྲ། །ཞེས་དང་། ཡང་། སྨིན་དྲུག་གཡང་ཤ་ལག་ཡ་འདྲ། །གཡང་དཀར་ལུག་གི་བླ་སྐར་གྲགས། །ཞེས་སོགས་གྲགས་སོ། །

སྣར་མ། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༣ ཡིན། ལེགས་སྦྱར་སྐད་དུ་རོ་ཧི་ཎཱི་ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་གསུམ་པ་སྣར་མ་ལ་ཟེར་ཞིང་། དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་ས་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ཤིང་ཁམས་བཅས་ཡིན།རྒྱུ་སྐར་དེ་ནི་སྐར་མ་ལྔ་མཉམ་དུ་འདུས་པ་དབྱིབས་ཤིང་རྟ་དང་འདྲ་བར་གསུངས་ཏེ། སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས། རྒྱུ་སྐར་སྣར་མ་ནི་སྐར་མ་ལྔ་སྟེ། དབྱིབས་ནི་ཤིང་རྟའི་འཕང་ལོ་གཉིས་པ་ལྟ་བུའོ། །ཞེས་དང་། བེ་དཀར་ལས།སྣར་མ་སྐར་ལྔ་ཤིང་རྟའི་དབྱིབས། །ཞེས་གསུངས་སོ། །ཡང་བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། སྣར་མ་ཐོག་གི་སྤུ་གྲི་འདྲ། །ཞེས་དང་། ཡང་།བེའུ་རྫི་དམར་པོ་ཞེས་བྱ་བ། །དཀར་ནག་ཕྱུགས་ཀྱི་བླ་སྐར་གྲགས། །བེའུ་དང་བེའུ་རྫི་བར་རིང་བཟང་། །བར་ཐག་ཐུང་ན་ངན་པར་བཤད། །བེའུ་དཀར་མདངས་ཉམས་བེའུ་རོགས་ཉུང་། །འབྲི་མོ་ངན་ལ་བེའུའི་སྐར། །མདངས་གསལ་རོགས་མང་ཕྱུགས་ཕྲུག་ལེགས། །ཞེས་དང་། ཡང་། བེའུ་རྫི་བེའུ་གདང་འགུག་མ་འདྲ། །ཞེསསོགས་གྲགས་སོ། །

མགོ། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༤ ཡིན། ལེགས་སྦྱར་སྐད་དུ་མྲྀགཤིར༔ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་བཞི་པ་མགོ་ལ་ཟེར་ཞིང་།དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་རླུང་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ཤིང་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་གསུམ་མཉམ་དུ་འདུས་པ་དབྱིབས་རི་དྭགས་ཀྱི་མགོ་དང་འདྲ་བས་ན་མིང་ཡང་མགོ་ཞེས་ཐོགས་པར་གྲགས་ཏེ། སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས། རྒྱུ་སྐར་མགོ་ནི་སྐར་མ་གསུམ་སྟེ། དབྱིབས་ནི་རི་དྭགས་ཀྱི་མགོ་ལྟ་བུའོ། །ཞེས་དང་།བེ་དཀར་ལས། མགོ་ནི་སྐར་གསུམ་རི་དྭགས་མགོ །ཞེས་དང་། འདོད་འཇོ་ལས། མགོའི་མིང་ལ། མྲྀ་ག་ཤྲི་རཱ་རི་དྭགས་མགོ་ཞེས་བྱ་སྟེ། སྐར་མ་འདི་རི་དྭགས་ཀྱི་མགོའི་དབྱིབས་དང་རྗེས་སུ་མཐུན་པར་གནས་པའོ། །སྐར་མ་དེ་ཉིད་ལ་ཨ་གྲ་ཧཱ་ཡ་ཎཱི། ལོ་ཡི་དང་པོ་ཞེས་བྱ་སྟེ། སྐར་མ་མགོ་ལ་ཟླ་བ་ཉ་བ་དེ་ལོའི་དང་པོར་བརྗོད་པའི་ཉེ་བར་སྤྱོད་པ་ལས་སོ། །ཞེས་སོགས་གསུངས་པས་སོ། །བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། མགོ་ནི་སྐར་གསུམ་སྨལ་པོའི་མགོ། །ཞེས་དང་།ཡང་། སྨལ་པོ་དཔའ་བོ་གཡུལ་ཆས་འདྲ། །ཞེས་དང་། སྨལ་པོ་མི་གཟུགས་གོག་པོ་འདྲ། །ཞེས་སོགས་གྲགས་སོ།

ལག སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༥ ཡིན། ལེགས་སྦྱར་སྐད་དུ་ཨཱརྡྲཱ་ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་ལྔ་པ་ལག་ལ་ཟེར་ཞིང་། དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་ཆུ་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ཤིང་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་གཅིག་ཐིག་ལེའི་དབྱིབས་དང་འདྲ་བར་གསུངས་ཏེ། སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས། རྒྱུ་སྐར་ལག་ནི་སྐར་མ་གཅིག་སྟེ། དབྱིབས་ནི་ཐིག་ལེ་ལྟ་བུའོ། །ཞེས་དང་། བེ་དཀར་ལས། ལག་ནི་སྐར་གཅིག་ཐིག་ལེའིདབྱིབས། །ཞེས་གསུངས་པས་སོ། །གཞན་དུས་འཁོར་སྤྱི་དོན་ལེགས་བཤད་བསྟན་པའི་རྒྱ་མཚོ་ལས།ལག་ནི་ལྗང་སྔོན་གྱི། གྲངས་གཅིག །དབྱིབས་སོག་ལེ། ཞེས་དང་། རྩིས་ཀྱི་སྙིང་ནོར་ཀུན་གསལ་མེ་ལོང་ལས། ལག་གཅིག་སོག་ལེ། ཞེས་སོགས་ཀྱང་གསུངས། བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། ལག་ནི་སྨལ་པོའི་ལག་གཡས་ཡིན། །ཞེས་གྲགས་སོ། །

ནབས་སོ། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༦ ཡིན། ལེགས་སྦྱར་སྐད་དུ་བུ་ནརྦ་སུ་ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་དྲུག་པ་ནབས་སོ་ལ་ཟེར་ཞིང་། དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་རླུང་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ཤིང་ཁམས་བཅས་ཡིན།རྒྱུ་སྐར་དེ་ནི་སྐར་མ་གཉིས་མཉམ་དུ་འདུས་པ་དབྱིབས་ཁྲི་རྐང་དང་འདྲ་བར་གསུངས་ཏེ། སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས། རྒྱུ་སྐར་ནམ་སོ་ནི་སྐར་མ་གཉིས་ཏེ། དབྱིབས་ནི་རྐང་པ་ལྟ་བུའོ། །ཞེས་དང་། བེ་དཀར་ལས། ནབས་སོ་སྐར་གཉིས་ཁྲི་རྐང་དབྱིབས། །ཞེས་དང་། ལེགས་བཤད་བསྟན་པའི་རྒྱ་མཚོ་ལས། ནབས་སོ་ནི་གནས་འཇོག་གི་སྐར་མ་གཉིས།དབྱིབས་ཁང་པའི་གདུང་། ཞེས་སོགས་གསལ། །བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། རྒྱལ་སྟོད་ལུག་གིས་ར་ཁྲིད་འདྲ། །ཞེས་དང་། ཡང་།རྒྱལ་སྟོད་མི་ཧྲེང་ཁྱི་ཁྲིད་འདྲ། །ཞེས་སོགས་གྲགས་སོ། །ནབས་སོ་ཞེས་པར་སྔར་ནབ་སོ་དང་ནམ་སོ་ཞེས་བྲིས་པའང་མཆིས་ཏེ། བརྡ་ལ་བརྟེན་ནས་གསུང་རབ་ལ་འཇུག་པའི་སྒོ་ཤེས་བྱ་རབ་གསལ་ལས། ནན་གྱིས་ནབ་སོ་བལྟ། །ཞེས་དང་། སྟག་སྣའི་མདོ་ལས།ནམ་སོ། ཞེས་གསལ་ལོ། །

རྒྱལ། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༧ ཡིན། ལེགས་སྦྱར་སྐད་དུ་པུཥྱ༔ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་བདུན་པ་ལ་ཟེར་ཞིང་། དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་མེ་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ཤིང་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་གསུམ་མཉམ་དུ་འདུས་པ་དབྱིབས་རིལ་བའམ་བུམ་པ་ཆུང་ཆུང་དང་འདྲ་བར་གསུངས་ཏེ། སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས།རྒྱུ་སྐར་རྒྱལ་ནི་སྐར་མ་གསུམ་སྟེ།དབྱིབས་ནི་རིལ་བ་ལྟ་བུའོ། །ཞེས་དང་། བེ་དཀར་ལས། རྒྱལ་ནི་སྐར་གསུམ་རིལ་བའི་དབྱིབས། །ཞེས་སོགས་གསུངས་པས་སོ། །གཞན་དུ་མདའི་དབྱིབས་དང་འདྲ་བར་གསུངས་ཏེ། ལེགས་བཤད་ཀུན་འདུས་ལས། རྒྱལ་ནི་སྐར་གསུམ་མདའི་རྣམ་པ། །ཞེས་ཀྱང་གསུངས། བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། རྒྱལ་སྨད་ར་ཡིས་ལུག་ཁྲིད་འདྲ། །ཞེས་དང་། ཡང་། རྒྱལ་སྨད་རྟ་པ་ལུག་དེད་འདྲ། །ཞེས་སོགས་གྲགས་སོ། །

སྐག སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༨ ཡིན། ལེགས་སྦྱར་སྐད་དུ་ཨ་ཤཱེཥ༔ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་བརྒྱད་པ་སྐག་ལ་ཟེར་ཞིང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ས་ཁམས་དང་། དུས་འཁོར་སྐར་རྩིས་ལྟར་ན་འབྱུང་བ་ཆུ་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་དྲུག་གམ་ལྔ་མཉམ་དུ་འདུས་པ་དབྱིབས་གདེང་ཀའམ་སྦྲུལ་མགོ་དང་འདྲ་བར་གསུངས་ཏེ། བེ་དཀར་ལས། སྐག་ནི་སྐར་དྲུག་གདེང་ཀའི་དབྱིབས། །ཞེས་དང་། ལེགས་བཤད་བསྟན་པའི་རྒྱ་མཚོ་ལས། སྐག་མཛའ་བོའི། དྲུག་གམ་ལྔ། སྦྲུལ་མགོ། ཞེས་གསུངས། ཡང་ལེགས་བཤད་ཀུན་འདུས་ལས། སྐག་ནི་སྐར་དྲུག་འཁོར་བའི་ཚུལ། །ཞེས་ཀྱང་གསུངས་སོ། །གཞན་སྟག་རྣའི་མདོ་ལས། རྒྱུ་སྐར་སྐག་ནི་སྐར་མ་གཅིག་སྟེ། དབྱིབས་ནི་ཐིག་ལེ་ལྟ་བུའོ། །ཞེས་གསུངས་པས་དཔྱད། བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། སྐག་བལ་སྤུངས་ལུག་གི་བླ་རུ་ཡིན། །ཞེས་དང་། སྐག་ནི་ཐལ་ཕུང་མེ་བཀྲ་འདྲ། །ཞེས་གྲགས། ། ནག་རྩིས་སྐབས་དུས་མཚམས་ངེས་ཅན་ལ་བྱུང་བའི་བར་ཆད་དེ། ཀེག་དང་དོན་གཅིག་གོ །

མཆུ། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༩ ཡིན། ལེགས་སྦྱར་སྐད་དུ་མ་གྷ་ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་དགུ་པར་ཟེར་ཞིང་། དུས་འཁོར་སྐར་རྩིས་དང་གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་མེ་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་དྲུག་མཉམ་དུ་འདུས་པ་དབྱིབས་ཆུ་བོ་དང་འདྲ་བར་གསུངས་ཏེ། བེེ་དཀར་ལས། མཆུ་ནི་སྐར་དྲུག་ཆུ་བོ་འདྲ། །ཞེས་དང་། དུས་འཁོར་སྤྱི་དོན་ལེགས་བཤད་བསྟན་པའི་རྒྱ་མཚོ་ལས། མཆུ་ནི་སེར་སྐྱའི། ལྔའམ་དྲུག །ཆུ་བོ། ཞེས་དང་། སུམ་པའི་ཀུན་གསལ་སྙིང་པོ་ལས། མཆུ་(ཆུ་བོ)དག །ལྔའམ་དྲུག་རེ། ཞེས་སོགས་གསུངས་པས་སོ། །ཡང་སྟག་རྣའི་མདོ་ལས། རྒྱུ་སྐར་མཆུ་ནི་སྐར་མ་ལྔ་སྟེ། དབྱིབས་ནི་ཆུ་བོ་མགུར་ལྟ་བུའོ། །ཞེས་ཀྱང་གསུངས། བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། རྟ་ཆེན་གོས་ཀྱི་གོང་བ་འདྲ། །ལ་ལས་སྟ་རེ་འཕྱར་འདྲ་བཞེད། །ཅེས་དང་། ཡང་། རྟ་ཆེན་གོས་ཀྱི་གོང་བ་འདྲ། །དཔྱད་མ་ཤེས་ཤྭ་ཕོའི་གཡས། རྭ་འདྲ། །ཞེས་སོགས་གྲགས་སོ། །

གྲེ། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༡༠ ཡིན། ལེགས་སྦྱར་སྐད་དུ་པུརྦྦ་ཕལྒུ་ནྱོོ་ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་བཅུ་པ་ལ་ཟེར་ཞིང་། དུས་འཁོར་སྐར་རྩིས་དང་གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་མེ་ཁམས་ཡིན། རྒྱུ་སྐར་དེ་ནི་སྐར་མ་གཉིས་མཉམ་དུ་འདུས་པ་དབྱིབས་མི་རྐང་དང་འདྲ་བར་གསུངས་ཏེ། བེེ་དཀར་ལས། གྲེ་ནི་སྐར་གཉིས་ལྷ་ཁྱབ་འཇུག །དབྱིབས་ནི་མི་རྐང་ལྟ་བུ་སྟེ། །ཞེས་དང་། བསྟན་སྲུང་དམ་ཅན་རྒྱ་མཚོའི་མིང་གི་གྲངས་ལས། གྲེ་ནི་སྐར་གཉིས་མི་རྐང་དབྱིབས། །ཞེས་དང་། སྟག་རྣའིམདོ་ལས། རྒྱུ་སྐར་གྲེ་ནི་སྐར་མ་གཉིས་ཏེ། དབྱིབས་ནི་རྐང་པ་ལྟ་བུའོ། །ཞེས་དང་། སུམ་པའི་ཀུན་གསལ་མེ་ལོང་ལས། གྲེ་གཉིས་(རྩིག་པ་)ཞེས་ཀྱང་གསུངས། བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། རྟ་ཆུང་ཁུལ་མོའི་ཁ་ཤིང་འདྲ། །ལ་ལས་གོས་ཀྱི་ཕྱུ་པུ་དང་། །སྟེའུ་བཙག་མགོ་གཉིས་བཞིན་དུ་བཤད། །ཅེས་དང་། ཡང་། རྟ་ཆུང་སྟེའུ་བཙག་མགོ་གཉིས་འདྲ། །ཞེས་སོགས་གྲགས་སོ། །གཞན་དུ་སྐར་མ་བཅུ་པ་གྲེ་ལ་བྲེ་ཞེས་བྲིས་པ་ནི་ནོར་བ་ཡིན་ཏེ། ཚིག་གསལ་སྒྲོན་མེ་ལས། སྐར་མ་མོན་གྲུ་གྲེ་གྲོ་བཞིན། །ཆོས་གྲྭའི་གྲལ་དུ་རིམ་གྲོ་བྱས། །ཞེས་གྲེ་ནི་ག་སྡེ་རུ་བཞག་འདུག་ལ་གཞན་བརྡ་ལ་བརྟེན་ནས་གསུང་རབ་ལ་འཇུག་པའི་སྒོ་ཤེས་བྱ་རབ་གསལ་ལས། གྲེ་བ་བདེ་དང་རྒྱུ་སྐར་གྲེ། །ཞེས་ག་གྲེ་ཡིན་པར་གསུངས་པས་བ་བྲེ་འབྲི་མི་རུང་ཞིང་། བྲེ་ནི་རྒྱུ་སྐར་བཅུ་དགུ་པ་ཆུ་སྟོད་ལ་ཟེར་རོ། །

དབོ། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༡༡ ཡིན། ལེགས་སྦྱར་སྐད་དུ་ཨུཏྟ་ར་ཕལྒུ་ནྱོོ་ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་བཅུ་གཅིག་པ་ཡིན་ཞིང་། དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་རླུང་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་མེ་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་གཉིས་མཉམ་དུ་འདུས་པ་ཁྲི་ཡི་དབྱིབས་འདྲ་བར་གསུངས་ཏེ། སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས། རྒྱུ་སྐར་དབོ་ནི་སྐར་མ་གཉིས་ཏེ། དབྱིབས་ནི་ཁྲི་ལྟ་བུའོ། །ཞེས་དང་། བེེ་དཀར་ལས། དབོ་ནི་སྐར་གཉིས་ཁྲི་ཡི་དབྱིབས། །ཞེས་གསུངས་པས་སོ། །བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། ཁྲ་ནི་སྤྲང་པོའི་ཇོ་དབྱངས་སམ། །བྱ་སྤུ་གནམ་ལ་གཏོར་བ་འདྲ། དེ་ཡང་སྤྲང་པོའི་བླ་སྐར་གྲགས། །ཞེས་སོགས་གྲགས་སོ། །

མེ་བཞི། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༡༢ ཡིན། ལེགས་སྦྱར་སྐད་དུ་ཧསྟ༔ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་བཅུ་གཉིས་པར་ཟེར་ཞིང་། དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་རླུང་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་མེ་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་ལྔ་མཉམ་དུ་འདུས་པ་དབྱིབས་ལག་པ་དང་འདྲ་བར་གསུངས་ཏེ། སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས། རྒྱུ་སྐར་མེ་བཞི་ནི་སྐར་མ་ལྔ་སྟེ། དབྱིབས་ནི་ལག་པ་ལྟ་བུའོ། །ཞེས་དང་། བེེ་དཀར་ལས། མེ་བཞི་སྐར་ལྔ་ལག་པའི་དབྱིབས། །ཞེས་སོགས་གསུངས། བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། སྐར་མ་བྱ་མ་གཡག་ཤ་རྐང་ཡ་འདྲ། །ཚེ་ཚེ་ར་ཡི་བླ་སྐར་གྲགས། །བལྟ་མ་ཤེས་ཁུལ་མོའི་ཁ་ཤིང་འདྲ། །ཞེས་གྲགས་སོ། །

ནག་པ། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༡༣ ཡིན། ལེགས་སྦྱར་སྐད་དུ་ཙི་ཏཱ་ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་བཅུ་གསུམ་པ་ལ་ཟེར་ཞིང་། དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་རླུང་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་མེ་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་གཅིག་པད་སྙིང་དང་འདྲ་བར་གསུངས་ཏེ། སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས། རྒྱུ་སྐར་ནག་པ་ནི་སྐར་མ་གཅིག་སྟེ། དབྱིབས་ནི་པད་མའི་སྙིང་པོ་ལྟ་བུའོ། །ཞེས་དང་། བེེ་དཀར་ལས། ནག་པ་སྐར་གཅིག་པད་སྙིང་དབྱིབས། །ཞེས་གསུངས་པས་སོ། །བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། ནག་པ་ཕུག་རོན་སྐར་གཅིག་གམ། །བྱའུ་ལྕགས་ཀྱི་སྒོ་ང་འདྲ། །ཞེས་གྲགས་སོ།།

ས་རི། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༡༤ ཡིན། ལེགས་སྦྱར་སྐད་དུ་སྭཱཏྭི་ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་བཅུ་བཞི་པ་ལ་ཟེར་ཏེ། དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་རླུང་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་མེ་ཁམས་སུ་འདོད་ཅིང་། རྒྱུ་སྐར་དེ་ནི་སྐར་མ་གཅིག་ཐིག་ལེའི་དབྱིབས་དང་འདྲ་བར་གསུངས་ཏེ། སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས། རྒྱུ་སྐར་ས་རི་ནི་སྐར་མ་གཅིག་སྟེ། དབྱིབས་ནི་ཐིག་ལེ་ལྟ་བུའོ། །ཞེས་དང་། བེེ་དཀར་ལས། ས་རི་སྐར་གཅིག་ནོར་བུའི་དབྱིབས། །ཞེས་གསུངས་པས་སོ། །ཡང་བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། ས་རི་ལ་ཁའི་མེ་སྤུངས་འདྲ། །ཞེས་དང་། ས་རི་འབྲོང་གི་རུ་ཐུར་འདྲ། །ཞེས་སོགས་གྲགས་སོ། །

ས་ག སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༡༥ ཡིན། ལེགས་སྦྱར་སྐད་དུ་བེེ་ས་ཁ༔ཞེས་(སུམ་པའི་རྩིས་གཞུང་དུ། བི་ཤཱ་ཁྭ་ཞེས་གསལ་བས་དཔྱད་)རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་བཅོ་ལྔ་པ་ལ་ཟེར་ཞིང་། དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་མེ་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ས་ཁམས་སུ་འདོད། རྒྱུ་སྐར་དེ་ནི་སྐར་མ་བཞི་མཉམ་དུ་འདུས་པ་དབྱིབས་ར་མགོ་དང་འདྲ་བར་གསུངས་ཏེ། སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས། རྒྱུ་སྐར་ས་ག་ནི་སྐར་མ་བཞི་སྟེ། དབྱིབས་ནི་རྭའི་རྟེན་མགོ་ལྟ་བུའོ། །ཞེས་དང་། བཻ་དཀར་ལས། ས་ག་སྐར་བཞི་ར་མགོའི་དབྱིབས། །ཞེས་དང་། བསྟན་སྲུང་དམ་ཅན་རྒྱ་མཚོའི་མིང་གི་གྲངས་ལས། ས་ག་སྐར་བཞི་མགོའི་དབྱིབས། །ཞེས་སོགས་གསུངས་པ་ལྟར་རོ། །བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། ས་ག་བེའུ་གདང་ཁྲ་མོ་འདྲ། །ཞེས་དང་། ཡང་། ས་ག་སོར་རྩེ་ནུབ་བསྟན་འདྲ། །ཞེས་སོགས་གྲགས་སོ། །

ལྷ་མཚམས། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༡༦ ཡིན། ལེགས་སྦྱར་སྐད་དུ་ཨ་ནུ་རཱ་ངྷཱ་ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་བཅུ་དྲུག་པ་ལ་ཟེར་ཞིང་། དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་ས་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ལྕགས་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་བཞི་མཉམ་དུ་འདུས་པ་དབྱིབས་གླང་པོ་ཆེའི་མགོ་སྣ་དང་འདྲ་བར་གསུངས་ཏེ། སྟག་རྣའི་མདོ་ལས། རྒྱུ་སྐར་ལྷ་མཚམས་ནི་སྐར་མ་བཞི་སྟེ། དབྱིབས་ནི་གླང་པོ་ཆེའི་མགོ་དང་སྣ་ལྟ་བུའོ། །ཞེས་དང་། རྩིས་ཀྱི་སྙིང་ནོར་ཀུན་གསལ་མེ་ལོང་ལས། ལྷ་མཚམས་(གླང་སྣ་)བཞི་རེ། ཞེས་གསུངས། ཡང་གཞན་དུ་གླང་པོའི་དབྱིབས་ལྟར་ཡོད་པར་ཡང་གསུངས་ཏེ། བེེ་དཀར་ལས། ལྷ་མཚམས་སྐར་བཞི་གླང་པོའི་དབྱིབས། ཞེས་དང་། བསྟན་སྲུང་དམ་ཅན་རྒྱ་མཚོའི་མིང་གི་གྲངས་ལས། ལྷ་མཚམས་སྐར་བཞི་གླང་པོའི་དབྱིབས། །ཞེས་གསུངས་པས་སོ། །བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། ལྷ་མཚམས་ལག་པའི་སོར་མོའི་དབྱིབས། །ཞེས་སོགས་གྲགས་སོ། །

སྣྲོན། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༡༧ ཡིན། ལེགས་སྦྱར་སྐད་དུ་ཛྱེཥྠ་ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་བཅུ་བདུན་པར་ཟེར་ཞིང་། དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་ས་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ལྕགས་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་གསུམ་མཉམ་དུ་འདུས་པ་དབྱིབས་ཐེམ་སྐས་དང་འདྲ་བར་གསུངས་ཏེ། སྟག་རྣའི་མདོ་ལས། རྒྱུ་སྐར་སྣོན་ནི་སྐར་མ་གསུམ་སྟེ། དབྱིབས་ནི་ཐེམ་སྐས་ལྟ་བུའོ། །ཞེས་དང་། བེེ་དཀར་ལས། སྣྲོན་ནི་སྐར་གསུམ་ཐེམ་སྐས་དབྱིབས། །ཞེས་གསུངས་པས་སོ། །བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། སྣྲོན་ནི་གྲུ་མོ་ཇི་བཞིན་ནོ། །ཞེས་གྲགས་སོ། །

སྣྲུབས། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༡༨ ཡིན། ལེགས་སྦྱར་སྐད་དུ་མཱུ་ལ༔ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་བཅོ་བརྒྱད་པ་ལ་ཟེར་ཞིང་དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་ཆུ་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ལྕགས་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་དགུ་མཉམ་དུ་འདུས་པ་དབྱིབས་སྡིག་པ་དང་འདྲ་བར་གསུངས་ཏེ། སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས། རྒྱུ་སྐར་སྣྲུབས་ནི་སྐར་མ་དགུ་སྟེ། དབྱིབས་ནི་སྡིག་པ་ལྟ་བུའོ། །ཞེས་དང་། བེེ་དཀར་ལས། སྣྲུབས་ནི་སྐར་དགུ་སྡིག་པའི་དབྱིབས། །ཞེས་གསུངས་པས་སོ། །གཞན་དུ་སུམ་པའི་ཀུན་གསལ་མེ་ལོང་ལས། སྣྲོན་(སྐས་)སྣྲུབས(སེང་གེ་རལ་བ་)གསུམ། །ཞེས་གསུངས་པས་དཔྱད། །བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། སྣྲུབས་ནི་སོག་པའི་མེ་ལོང་འདྲ། །ཞེས་གྲགས་སོ། །

ཆུ་སྟོད། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༡༩ ཡིན། ལེགས་སྦྱར་སྐད་དུ་པུརྦྦ་ཥཱ་ཌྷཱ་ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་བཅུ་དགུ་པ་ཡིན་ཅིང་། དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་ཆུ་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ལྕགས་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་བཞི་མཉམ་དུ་འདུས་པ་དབྱིབས་མཆོད་རྟེན་དང་འདྲ་བར་གསུངས་ཏེ། བེེ་དཀར་ལས། ཆུ་སྟོད་སྐར་བཞི་ཀ་ཏྱའི་རིགས། །ཆུ་ལྷ་ལྷར་འཛིན་མཆོད་རྟེན་དབྱིབས། །ཞེས་དང་། བསྟན་སྲུང་དམ་ཅན་རྒྱ་མཚོའི་མིང་གི་གྲངས་ལས། ཆུ་སྟོད་སྐར་བཞི་མཆོད་རྟེན་དབྱིབས། །ཞེས་གསུངས་པས་སོ། །གཞན་སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས། རྒྱུ་སྐར་ཆུ་སྟོད་ནི་སྐར་མ་བཞི་སྟེ། དབྱིབས་ནི་བ་ལང་གི་མཇུག་མ་བསྒྲེང་བ་ལྟ་བུའོ། །ཞེས་ཀྱང་གསུངས། བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། ཆུ་སྟོད་སྐར་བཞི་བྲེ་ཡི་དབྱིབས། །ཞེས་གྲགས་སོ། །

ཆུ་སྨད། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༢༠ ཡིན། ལེགས་སྦྱར་སྐད་དུ་ཨུཏྟ་རཱ་ཥཱ་ཌྷཱ་ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་ཉི་ཤུ་པར་ཟེར་ཞིང་། དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་ས་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ལྕགས་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་བཞི་མཉམ་དུ་འདུས་པ་དབྱིབས་བྲེ་དང་འདྲ་བར་གསུངས་ཏེ། བེེ་དཀར་ལས། ཆུ་སྨད་སྐར་བཞི་བྲེ་ལྟ་བུ། །ཞེས་དང་། བསྟན་སྲུང་དམ་ཅན་རྒྱ་མཚོའི་མིང་གི་གྲངས་ལས། ཆུ་སྨད་སྐར་བཞི་བྲེ་ཡི་དབྱིབས། །ཞེས་གསུངས་པས་སོ། །ཡང་སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས། རྒྱུ་སྐར་ཆུ་སྨད་ནི་སྐར་མ་བཞི་སྟེ། དབྱིབས་ནི་གླང་པོ་ཆེ་མཆོང་བ་ལྟ་བུའོ། །ཞེས་དང་། སུམ་པའི་ཀུན་གསལ་མེ་ལོང་ལས། ཕུལ་(གོམ་གཡོན་རྗེས་)བཞི་རེ། ཞེས་གོམ་གཡོན་གྱི་རྗེས་དང་འདྲ་བར་གསུངས་པས་དཔྱད། །ཡང་བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། ཆུ་སྨད་ཕུལ་ཞེས་འདྲ་བའི་མིང་། །ཞེས་གྲགས་སོ། །

གྲོ་བཞིན། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༢༡ ཡིན། ལེགས་སྦྱར་སྐད་དུ་ཤྲ་པ་ཎ༔ཞེས་(སུམ་པའི་རྩིས་གཞུང་དུ་ཤ་ཝ་ཎ་ཞེས་གསལ་)རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་ཉེར་གཅིག་པར་ཟེར་ཞིང་། དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་ས་ཁམས་དང་གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ལྕགས་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་གསུམ་མཉམ་དུ་འདུས་པ་དབྱིབས་བྲེ་དང་འདྲ་བར་གསུངས་ཏེ། བེེ་དཀར་ལས། གྲོ་བཞིན་སྐར་གསུམ་བྲེ་ལྟ་བུ། །ཞེས་གསུངས་པས་སོ། །གཞན་ཡང་སྟག་རྣའི་མདོ་ལས། རྒྱུ་སྐར་གྲོ་བཞིན་ནི་སྐར་མ་གསུམ་སྟེ། དབྱིབས་ནི་རྔ་ལྟ་བུའོ། །ཞེས་དང་། སུམ་པའི་ཀུན་གསལ་མེ་ལོང་ལས། བྱི་(གླང་མགོ་)གསུམ་གྲོ་བཞིན་(རྔ་)གསུམ། ཞེས་རྔ་དང་འདྲ་བར་གསུངས། བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། བོན་ནི་མི་གསུམ་གླུ་ལེན་འདྲ། །བོན་པོ་རྣམས་ཀྱི་བླ་སྐར་གྲགས། །ཞེས་དང་། ཡང་། བོན་ནི་ལྷ་གྲལ་གཤིབ་པ་འདྲ། །ཞེས་སོགས་ཟེར་རོ། །

མོན་གྲེ(དྲེ)། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༢༢ ཡིན། ལེགས་སྦྱར་སྐད་དུ་ཧ་ནིཥྠ་ཞེས་(སུམ་པའི་རྩིས་གཞུང་དུ་དྷ་ན་ཥྠ་ཞེས་གསལ་)རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་ཉེར་གཉིས་པར་ཟེར་ཞིང་། དུས་འཁོར་སྐར་རྩིས་དང་གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ཆུ་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་བཞི་མཉམ་དུ་འདུས་པ་དབྱིབས་བྱ་དང་འདྲ་བར་གསུངས་ཏེ། སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས། རྒྱུ་སྐར་མོན་གྲེ་ནི་སྐར་མ་བཞི་སྟེ། དབྱིབས་ནི་བྱ་ལྟ་བུའོ། །ཞེས་དང་། བེེ་དཀར་ལས། མོན་དྲེ་སྐར་བཞི་བྱ་ལྟ་བུ། །ཞེས་སོགས་གསུངས་པས་སོ། །བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། སྒྲོག་སྟོད་སྨད་རྟ་ཕོའི་སུམ་སྒྲོག་འདྲ། །ཞེས་ཟེར་རོ། །མོན་གྲེ་ཞེས་པའི་ཡི་གེའི་འབྲི་སྲོལ་ཐད་ཚིག་གསལ་སྒྲོན་མེ་ལས། ར་མ་མོན་གྲུ་གྲེ་གྲོ་བཞིན། །ཆོས་གྲྭའི་གྲལ་དུ་རིམ་གྲོ་བྱས། །ཞེས་དང་། བརྡ་ལ་བརྟེན་ནས་གསུང་རབ་ལ་འཇུག་པའི་སྒོ་ཤེས་བྱ་རབ་གསལ་ལས། སྐར་མ་མོན་གྲེ་མོན་གྲུ་དང་། །ཞེས་མིང་གཞི་ག་ཡིག་ཡིན་པར་གསུངས་ཤིང་། ཡང་བརྡའི་བསྟན་བཅོས་ཟ་མ་ཏོག་བཀོད་པ་ལས། མོན་དྲེ་ཞེས་ད་སྡེ་རུ་བཞག་འདུག་ལ་དེ་བཞིན་ངག་སྒྲོན་འགྲེལ་པ་བདུད་རྩིའི་དགའ་སྟོན་ལས། མོན་དྲེ་ནི་རྒྱུ་སྐར་མོན་དྲེ་སྟེ་ཐོབ་ལྡན་མ། ཞེས་མིང་གཞི་ད་ཡིག་བྲིས་འདུག་པས་ག་དང་ད་གཉིས་གདམ་ཀ་ཡིན་ནམ་སྙམ་པས་དཔྱད། །

མོན་གྲུ། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༢༣ ཡིན། ལེགས་སྦྱར་སྐད་དུ་ཤ་ཏ་བྷི་ཥ་ཀྲ་ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་ཉེར་གསུམ་པར་ཟེར་ཞིང་། དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་ས་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ཆུ་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་གཅིག་དབྱིབས་མི་རེང་དང་འདྲ་བར་གསུངས་ཏེ། བེེ་དཀར་ལས། མོན་གྲུ་མི་རེང་ལྟ་བུའམ། །མེ་ཏོག་ཕུང་དབྱིབས་ལྷ་ཆུ་ལྷ། །ཞེས་དང་། བསྟན་སྲུང་དམ་ཅན་རྒྱ་མཚོའི་མིང་གི་གྲངས་ལས། མོན་གྲུ་སྐར་གཅིག་མི་རེང་འདྲ། །ཞེས་གསུངས་པས་སོ། །གཞན་ཡང་སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས། རྒྱུ་སྐར་མོན་གྲུ་ནི་སྐར་མ་གཅིག་སྟེ། དབྱིབས་ནི་ཐིག་ལེ་ལྟ་བུའོ། །ཞེས་དང་། ཡང་སུམ་པའི་ཀུན་གསལ་མེ་ལོང་ལས། མོན་དྲེ་(བྱ་)བཞི་དང་མོན་གྲུ་(མེ་ཏོག་ཕུང་པོ་)བརྒྱད་དམ་གཅིག ། ཅེས་དབྱིབས་མེ་ཏོག་ཕུང་པོ་འདྲ་བ་ལ་སྐར་བརྒྱད་དམ་གཅིག་མཉམ་དུ་འདུས་པར་གསུངས་སོ། །

ཁྲུམས་སྟོད། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༢༤ ཡིན། ལེགས་སྦྱར་སྐད་དུ་པུརྦྦ་བྷ་དྲ་བ་དེ་ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་ཉེར་བཞི་པ་ལ་ཟེར་ཞིང་། དུས་འཁོར་སྐར་རྩིས་ལུགས་སུ་འབྱུང་བ་མེ་ཁམས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ཆུ་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་གཉིས་མཉམ་དུ་འདུས་པ་དབྱིབས་ཤིང་རྟ་དང་འདྲ་བར་གསུངས་ཏེ། བེེ་དཀར་ལས། ཁྲུམས་སྟོད་སྐར་གཉིས་ཤིང་རྟའི་དབྱིབས། །ཞེས་དང་སྐར་རྩིས་ལེགས་བཤད་ཀུན་འདུས་ལས། ཁྲུམས་སྟོད་སྐར་གཉིས་ཟུང་འཛིན་འདྲ། །ཞེས་གསུངས་པས་སོ། །གཞན་དུ་སྟག་རྣའི་མདོ་ལས། རྒྱུ་སྐར་ཁྲུམས་སྟོད་ནི་སྐར་མ་གཉིས་ཏེ། དབྱིབས་ནི་རྟ་བ་འདྲ་བའོ། །ཞེས་ཀྱང་གསུངས། བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། ཁྲུམས་སྟོད་སྨད་འབྲུག་མོའི་སྦྲ་ཡན་འདྲ། །ཞེས་དང་། ཡང་། སེ་གྲུ་བཞི་གནམ་གྱི་སྒོ་མོ་ཡིན། །སེ་སྟོད་གཡག་པོའི་རྭ་བར་ལ། །ཕོ་རྒོད་ཀྱང་ལས་ལ་འགྲོ་བ་སྤངས། །རྟ་འདོ་བ་ཉོ་སྒྲུབ་མི་རུང་ཟེར། །སེ་སྨད་སྤྱང་མོ་གཉིས་འགྲུལ་ལ། །མོ་མཛངས་ཀྱང་གནས་ལ་འགྲོ་བ་སྤངས། །གཡང་དཀར་ལུག་སོགས་ཕྱུགས་རིགས་ལ། །རྫི་གསར་པ་ཕྱི་བཙལ་མི་རུང་ཟེར། །ཞེས་གྲགས་སོ། །

ཁྲུམས་སྨད། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༢༥ ཡིན། ལེགས་སྦྱར་སྐད་དུ་ཨུཏྟ་ར་བྷ་དྲ་པཱ་ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་ཉེར་ལྔ་པ་ལ་ཟེར་ཞིང་། དུས་འཁོར་སྐར་རྩིས་དང་གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ཆུ་ཁམས་ཡིན། རྒྱུ་སྐར་དེ་ནི་སྐར་མ་གཉིས་མཉམ་དུ་འདུས་པ་དབྱིབས་རྣ་བ་དང་འདྲ་བར་གསུངས་ཏེ། བཻ་དཀར་ལས། ཁྲུམས་སྨད་སྐར་གཉིས་རྣ་བའི་དབྱིབས། །ཞེས་དང་། ཡང་སྐར་རྩིས་ལེགས་བཤད་ཀུན་འདུས་ལས། ཁྲུམས་སྨད་སྐར་གཉིས་མལ་ཁྲིའི་ཚུལ། །ཞེས་གསུངས་སོ། །སྟག་རྣའི་མདོ་ལས། རྒྱུ་སྐར་ཁྲུམས་སྨད་ནི་སྐར་མ་གཉིས་ཏེ། དབྱིབས་ནི་རྐང་པ་ལྟ་བུའོ། །ཞེས་ཀྱང་གསུངས། །

ནམ་གྲུ། སྐར་རྩིས་རིག་པར་གྲངས་ཀྱི་མཚོན་བྱེད་དུ་ ༢༦ ཡིན། ལེགས་སྦྱར་སྐད་དུ་རེ་བ་ཏཱི་ཞེས་རྒྱུ་སྐར་ཉེར་བརྒྱད་དམ་ཉེར་བདུན་གྱི་ཡ་གྱལ་ཉེར་དྲུག་པ་ལ་ཟེར་ཞིང་དུས་འཁོར་སྐར་རྩིས་དང་། གཙུག་ལག་འབྱུང་རྩིས་ལུགས་སུ་འབྱུང་བ་ཆུ་ཁམས་བཅས་ཡིན། རྒྱུ་སྐར་དེ་ནི་སྐར་མ་སུམ་ཅུ་སོ་གཉིས་མཉམ་དུ་འདུས་པ་དབྱིབས་གྲུ་དང་འདྲ་བར་གསུངས་ཏེ། བཻ་དཀར་ལས། ནམ་གྲུ་སྐར་མ་སུམ་ཅུ་གཉིས། །གྲུ་དབྱིབས་རུས་ནི་སྒྱེད་པའི་བུ། །ཞེས་དང་། བསྟན་སྲུང་དམ་ཅན་རྒྱ་མཚོའི་མིང་གི་གྲངས་ལས། ནམ་གྲུ་སོ་གཉིས་གྲུ་ལྟ་བུ། །ཞེས་དང་། སུམ་པའི་ཀུན་གསལ་མེ་ལོང་ལས། ནམ་གྲུ་སོ་གཉིས། ཞེས་སོགས་གསུངས་པས་སོ། །གཞན་སྟག་རྣའི་རྟོགས་པ་བརྗོད་པའི་མདོ་ལས། རྒྱུ་སྐར་ནམ་གྲུ་ནི་སྐར་མ་གཅིག་སྟེ། དབྱིབས་ནི་ཐིག་ལེ་ལྟ་བུའོ། །ཞེས་ཀྱང་གསུངས་པས་དཔྱད། །བོད་ཀྱི་ཞིང་འབྲོག་རྒན་པོའི་ངག་རྒྱུན་དུ། ནམ་གྲུ་མི་རྒན་ཕྲེང་བ་འདྲ། །དམག་དཔོན་མདུང་དར་རྒྱག་ཉིན་བཟང་། །མི་རྒན་རྣམས་ཀྱི་བླ་སྐར་གྲགས། །ཞེས་ཟེར་རོ། །